Tuesday, October 10, 2023

Sung Dang Laymo Ru Ru

 

གླུ་གཞས། གསུང་དང་ལེ་མོ་རུ་རུ།

གློག་བརྙན། འབོད་སྒརཔ་བསོན་ནམས་འབྲུག་རྒྱལ།

ཚིག་རྩམ་མི། དྲུང་ཚོ་ཤེས་རབ་རྡོ་རྗེ།

 

སེམས་མི་ཤོར་མནོ་བ་ངེའི་སེམས་ཅིག་ཤོར། །འཛུམ་མཚར་བའི་གདོང་ལུ་ངེའི་སེམས་ཅིག་ཤོར། །

ཁྱོད་ཧན་པའི་གསུང་ལན་གསུང་དང་ལེ་མོ་རུ་རུ། །འབོད་སྒར་པའི་ཁ་ཚིག་ལ་རྒྱ་ལས་བཙནམ་ཅིག་བཞག །

སྨན་ཆུང་བུ་མོའི་དམ་ཚིག་ཡང་ཆུ་བ་གཙངམ་ཅིག་ཡོད། །གསུང་དང་ལེ་མོ་རུ་རུ། །

 

མཐོང་ཚེ་མིག་ལུ་མཛེས་པས། །བསམ་ཚེ་ཧིང་ཁར་ཚུད་པས། །ཁྱོད་གསུང་རྣ་བའི་རྒྱན་ཆ། །

ཚིག་གསུམ་ཧིང་གི་རྒྱན་ཆ། །གསུང་དང་ལེ་མོ་རུ་རུ། །

 

སེམས་མི་ཤོར་མནོ་བ་ངེའི་སེམས་ཅིག་ཤོར། །འཛུམ་མཚར་བའི་གདོང་ལུ་ངེའི་སེམས་ཅིག་ཤོར། །

ཁྱོད་ཧན་པའི་གསུང་ལན་གསུང་དང་ལེ་མོ་རུ་རུ། །

 

མིག་གཞི་མཐུན་པའི་སྒོ་མོ་ལུ། །དམ་ཚིག་ལྡེ་མིག་རྐྱབ་གེ། །ནང་གཟུངས་བརྩེ་བའི་རྟེན་གཅིག་བཙུགས། །

དགའ་བའི་རྟེན་འབྲེལ་བརྩི། །གསུང་དང་ལེ་མོ་རུ་རུ། །

Chhoe Lu Chhabi from Boed Garp Sonam Drugyel

གླུ་གཞས། ཁྱོད་ལུ་ཆགས་པའི་ངེའི་སེམས།

གླུ་གཞས་རྩམ་མི། དྲུང་ཚོ་ཤེས་རབ་རྡོ་རྗེ།

གློག་བརྙན། འབོད་སྒརཔ་བསོད་ནམས་འབྲུག་རྒྱལ།

 

ཁྱོད་ལུ་ཆགས་པའི་ངེའི་སེམས་འདི་གངས་ཀྱི་ཁ་བ་འབདན། །འཛམ་གླིང་ཁཝ་གི་འོག་ལུ་ཐིམ་སོཔ་འོང་། །

སེམས་ཆགས་པའི་སྨན་ཆུང་བུམོ། །བུ་ཁྱོད་ཚར་རེ་དྲན་ཚེ། །མེ་ཏོག་རེ་རེ་བཙུགསན། །ས་སྟེང་མེ་ཏོག་ལྡུམ་ར་ལུ་གྱུར་སོཔ་འོང་། །

ཧིང་ཚ་བའི་སྟག་ཤར་གཞོནམ། །

 ཆུང་ཚེ་མའི་མཉམ་རོགས། །སེམས་མཐུན་པའི་བུམོ་རོགས། །འཕྲལ་དགའ་བའི་དགའ་རོགས། །

ལས་འཛོམས་པའི་གཉེན་གྲོགས། །བུམོ་ཁྱོད་ར་ཨིན། །

སྟག་ཤར་གཞོནམ་དགའ་འཛུམ་ཅིག་སྟོན་གནང་། །ཡིད་འོང་མ་ངེའི་ཕང་མར་སྡོད་གནང་། །

ཁྱོད་ལུ་ཆགས་པའི་ངེའི་སེམས་འདི་གངས་ཀྱི་ཁ་བ་འབདན། །འཛམ་གླིང་ཁཝ་གི་འོག་ལུ་ཐིམ་སོཔ་འོང་། །

སེམས་ཆགས་པའི་སྟག་ཤར་གཞོནམ། །

 ཁྱོད་ལུ་དགའ་བའི་ངེའི་སེམས་འདི་འགྱོ་བའི་ཆུ་མོ་འབདན། །འཛམ་གླིང་ཆུ་ཡི་འོག་ལུ་ཐིམ་སོཔ་འོང་། །

སེམས་དགའ་བའི་སྨན་ཆུང་བུམོ། །ཁྱོད་ལུ་བརྩེ་བའི་བརྩེ་བ་འདི་དགེ་བའི་བསམ་པ་འབདན། །

བུམོ་ང་སངས་རྒྱས་གོ་འཕང་ཡང་ཐོབ་ཆིཝ་འོང་། །དྭངས་དཀར་བའི་སྟག་ཤར་གཞོནམ། །

 ཞལ་འཛུམ་པའི་མཉམ་རོགས། །སེམས་གཙང་བའི་བུམོ་རོགས། །ངེའི་སེམས་ཀྱི་དགའ་རོགས། །

ཚེ་གཅིག་གི་གཉེན་གྲོགས། །བུམོ་ཁྱོད་ར་ཨིན། །

སྟག་ཤར་གཞོནམ་དགའ་འཛུམ་ཅིག་སྟོན་གནང་། །ཡིད་འོང་མ་ངེའི་ཕང་མར་སྡོད་གནང་། །

ཁྱོད་ལུ་དགའ་བའི་ངེའི་སེམས་འདི་འགྱོ་བའི་ཆུ་མོ་འབདན། །འཇིག་རྟེན་ཆུ་ཡི་འོག་ལུ་ཐིམ་སོཔ་འོང་། །

སེམས་དགའ་བའི་སྟག་ཤར་གཞོནམ། །

Sunday, July 2, 2023

Dzi Bangchung Gang

 

གཟི་བང་ཅུང་གང་།

གློག་བརྙན། གཟི་བང་ཅུང་གང་།

གླུ་གཞས་དང་ཚིག་རྩམ་མི། བཀྲིས་དོན་གྲུབ། Magic

 

ག་དེམ་ཅི་སྦེ་མནོ་བའི་དོན་དག་འགྲུབ་ར་གྲུབ་པ་ཅིན། །མི་ཚེ་ནང་ལུ་འབད་དགོཔ་ལེ་ཤ་ཡོད། །

འཆར་གཞི་བརྩམ་དགོཔ་ལེ་ཤ་འདུག །སྤྲོ་བ་སྟོན་ཏེ་སྡོད་ནི། །ཧིང་གཏམ་བཤད་དེ་སྡོད་ནི། །

དགའ་བའི་མི་དང་གདོང་སྐོར་རྐྱབ་སྟེ་སྡོད་ནི། །ཁྱིམ་དང་ས་གཞི་ཚད་ལས་བརྒལ་ཏེ་ཉོ་ནི་ཨིན། །

 

འཛམ་གླིང་ནོར་གྱི་བང་མཛོད། །རང་ལུ་མེད་རུང་རོགས་ལུ་ཡོད་ལོ། །

ལས་འཕྲོ་ཅན་གྱིས་མ་གཏོགས་རེ་བ་ཅན་གྱིས་ཐོབ་པར་དཀའ་ལོ། །ག་དེམ་ཅི་སྦེ་གཟི་བང་ཅུང་གང་འདི་ཐོབ་པ་ཅིན། །

བཟོ་ཡང་མ་འདྲཝ་བཟོ་ནི། །གོ་ལ་མ་འདྲཝ་གྱོན་ནི། །གཟི་བང་ཅུང་གང་ལེན་པར་འགྱོ་དོ། །

 

ག་དེམ་ཅི་སྦེ་མནོ་བའི་དོན་དག་འགྲུབ་ར་གྲུབ་པ་ཅིན། །འགྲོ་ལུགས་སྡོད་ལུགས་སོར་དགོཔ་ལེ་ཤ་ཡོད། །

འཆར་གཞི་བརྩམ་དགོཔ་ལེ་ཤ་འདུག །འཛམ་གླིང་ཐང་གོ་ཡངས་པ། །

རྒྱུ་ནོར་བང་མཛོད་ཡོད་པ། །རང་སེམས་མ་དགའ་དགའ་བའི་ཉམས་ཅིག་ཤར་ཡོད། །

ཁྱིམ་དང་ས་གཞི་ཚད་ལས་བརྒལ་ཏེ་ཉོ་ནི་ཨིན། །

 

ཕྱུགཔོ་དང་སྤྱང་ཀའི་ལོ་རྒྱུས། །རྩ་མེད་གཏང་ཐབས་ཡོད་ར་ཡོད་ལོ། །བང་ཅུང་གང་གི་གཟི་འདི། །

ཐོབ་པའི་ལས་འཕྲོ་ཡོད་ར་ཡོད་ན། །ག་དེམ་ཅི་སྦེ་གཟི་བང་ཅུང་གང་འདི་ཐོབ་པ་ཅིན། །

སྒྲིང་ཁྱིམ་ལེ་ཤ་ཉོ་ནི། །ས་གཞི་ལེ་ཤ་ཉོ་ནི། །གཟི་བང་ཅུང་གང་ལེན་པར་འགྱོ་དོ། །

 

ཕ་མ་མཉམ་ཆུང་ཨིན་རུང་། །བུ་ཚུ་རིག་པ་ཅན་གཅིག་འདུག་ལོ། །གནས་སྐབས་སྣ་ཚོགས་བཏོན་ཏེ། །

བསམ་པའི་རེ་བ་འགྲུབ་ར་འགྲུབ་ནི། །ག་དེམ་ཅི་སྦེ་གཟི་བང་ཅུང་གང་འདི་ཐོབ་པ་ཅིན། །

དཀོན་མཆོག་མཆོད་པ་ཕུལ་ནི། །ངན་སློང་སྦྱིན་པ་གཏང་ནི། །གཟི་བང་ཅུང་གང་ལེན་པར་འགྱོ་དོ། །

Saturday, May 20, 2023

Nge Nyendro from the film Athang Tenzin Pem

 

ངེའི་གཉེན་གྲོགས།

གློག་བརྙན ཨ་ཐང་བསྟན་འཛིན་པདྨོ།།

གླུ་ཚིག་རྩམ་མི། བཀྲིས་དོན་གྲུབ། (Magic)

 

ངེའི་གཉེན་གྲོགས་མ་མཐོང་ཡུན་རིང་སོང་རུང་ཨོ་ཡ། །ལས་མ་རྫོགས་སེམས་ཁར་ལྷང་ལྷང་ར་དྲན། །

འཇིག་རྟེན་འཁྲུལ་བའི་ན་ཟུག་མྱོང་མི་འདི་ཨའེ། །ཚེ་རབས་སྔ་མའི་ལས་ར་ཨིན་བསམ། །

ཁྱོད་སྨན་ཆུང་བུ་མོའི་གསུང་སྐད། །ལྷང་ལྷང་དྲན་ས་ཡང་ཡང་དྲན། །

ཨོ་ཡ་བུ་མོ་དམ་ཚིག་ཅན་གྱི་གཉེན་གྲོགས། །ཁྱོད་ར་བསམ་སྟེ་སྡོད་ཡོད། །

ལོག་སྟེ་ཡང་ཡང་འཛོམས་པ་དགའ་སོང་ཨོ་ཡ། །

 

ཁྱོད་གཉེར་པའི་དཔལ་འབྱོར་བློ་སེམས་མ་འཁྲུལ། །བསྟན་འཛིན་པདྨོ་དམ་ཚིག་མ་ཤོར། །

ཚེ་གཅིག་ཕངས་མར་བཏབ་གེ་ཤོག་ཅིག་ཨོ་ཡ། །བུ་ངེའི་མུན་པའི་སྡུག་བསྔལ་སེལ་མི། །

རང་སེམས་ཧིང་གི་ནོར་བུ་ཟེར་རུང་། །ངེའི་སྟག་ཤར་གཞོནམ་ངེའི་སྟག་ཤར་གཞོནམ། །

ངེའི་ཡིད་འཕྲོག་མ་ངེའི་ཡིད་འཕྲོག་མ། །

 

ཁྱོད་གཉེན་གྲོགས་ཐག་རིང་རྒྱང་ལས་བྱོན་ནུག་ཨོ་ཡ། །རང་སྨན་ཆུང་དམ་ཚིག་མ་ཤོར་ཨོ་ཡ། །

བུ་མོ་ལོག་པའི་ཁ་ཚིག་བཞག་ར་མ་ཚུགས། །བཟོད་པ་བཞེས་གནང་ངེ་གི་གཉེན་གྲོགས། །

འཕྲལ་ལོག་སྟེ་འཛོམ་པའི་དགའ་སྤྲོ་སྟོན་གེ་ཤོག་ཅིག །ཚུར་ར་ཤོག་ཨོ་ཡ། །

བར་རྐྱེན་བྱུང་མི་མནོ་བསམ་བཏང་ན། །འཁྲུལ་བ་རང་བཞིན་ཨིན་པས། །

མིག་ལས་མིག་ཆུ་མ་ཤོར་ཕངས་མས་ཨོ་ཡ། །

 

ཁྱོད་གཉེར་པའི་དཔལ་འབྱོར་བློ་སེམས་མ་འཁྲུལ། །བསྟན་འཛིན་པདྨོ་དམ་ཚིག་མ་ཤོར། །

ཚེ་གཅིག་ཕངས་མར་བཏབ་གེ་ཤོག་ཅིག་ཨོ་ཡ། །བུ་ངེའི་མུན་པའི་སྡུག་བསྔལ་སེལ་མི། །

རང་སེམས་ཧིང་གི་ནོར་བུ་ཟེར་རུང་། །ངེའི་སྟག་ཤར་གཞོནམ་ངེའི་སྟག་ཤར་གཞོནམ། །

ངེའི་སྟག་ཤར་གཞོནམ་ཨོ་ཡ། །

Friday, April 21, 2023

Dhue Pho Chi from Athang Tenzin Pem

 དུས་ཕོག་གཅིག།

གློག་བརྙན ཨ་ཐང་བསྟན་འཛིན་པདྨོ།།

 གླུ་གཞས་དང་ཚིག་རྩམ་མི། བཀྲིས་དོན་གྲུབ། (Magic)


དུས་ཕོག་གཅིག་གི་བཞེས་སྒོ་ཡང་། །ཁྱོད་ཀྱིས་འབད་ཚེ་ཞིམ་མི་ཞིམ། །

སེམས་དགའ་བའི་མི་གི་ལག་པ་ལས། །ཟས་ག་ཅི་ཟ་རུང་བྲོཝ་ཆེ་བས། །

ཚེ་ལན་ཐེངས་གཅིག་གི་གཉེན་གྲོགས་སྦེ། །དགའཝ་གདོང་སྐོར་རྐྱབ་པའི་རེ་བ་ཨིན། །

 

བསིལ་ཟེར་ཅན་གྱི་རྒྱུ་སྐར་རྒྱལ་པོ། །ནམ་མཁའི་རྒྱན་ཆ་ཁྱོད་ཀྱི་ཞལ་རས་མེན་ན། །

མདངས་བཀྲག་ཆེ་ར་ཆེ་བས། །ཁྱོད་དང་ང་སྦེ་མི་ཚེ་འགོ་བཙུགས་གེ། །

ལེགས་པའི་གྲོགས་ཀྱི་དཔེ་ཅིག་སྟོན་ད་གེ། །ཁྱོད་དང་ང་སྦེ་དགའ་སྤྲོ་སྟོན་ད་གེ། །

དམ་ཚིག་དར་གྱི་མདུད་ཕུད་བཏབ་བཞག་གེ། །

 

ཁ་ལས་འཐོན་པའི་ཧིང་གཏམ་དང་། །གདོང་ལུ་འབག་པའི་དགའ་འཛུམ་གཉིས། །

ཕམ་བཟང་པོའི་རིགས་ལས་མཆེད་པའི་བུ། །དུས་ད་རེས་ཕྱད་ཚེ་དགའ་མི་དགའ། །

སེམས་སྨིན་དྲུག་རྒྱལ་མོར་སྤྲུལ་ཞིནམ་ལས། །ཁྱོད་ག་འགྱོ་བལྟ་སྟེ་སྡོད་ནི་ཨིན། །

 

ཕ་མའི་རེ་བ་ཁྱོད་རའི་བསམ་དོན། །བསྒྲུབ་པའི་ཁ་ཚིག་ད་རེས་ང་གིས་བཞག་ནི། །

འགྱུར་བ་མེད་པར་སྡོད་གནང་། །ཁྱོད་དང་ང་སྦེ་མི་ཚེ་འགོ་བཙུགས་གེ། །

ལེགས་པའི་གྲོགས་ཀྱི་དཔེ་ཅིག་སྟོན་ད་གེ། །ཁྱོད་དང་ང་སྦེ་དགའ་སྤྲོ་སྟོན་ད་གེ། །

དམ་ཚིག་དར་གྱི་མདུད་ཕུད་བཏབ་བཞག་གེ། །

Thursday, January 26, 2023

Sem Namtog from the film Hung

༼སེམས་རྣམ་རྟོག།༽

 

སེམས་རྣམ་རྟོག་མེད་པའི་ལས་གནམ་བསྐོས་ཅིག་ག་ལས་འོངམ། །ཡར་དཀོན་མཆོག་གསུམ་གྱིས་ང་ལུ་གནང་གནངམ་མེན་ན་སྨོ། །

ཨའེ་དཔྱད་རིག་མེད་པའི་སྔོན་ལས་འཕྲོ་ཅིག་ག་ལས་ཤརཝ། །ཡར་ལྷ་དང་བླམ་གིས་དངོས་གྲུབ་གནང་གནངམ་མེན་ན་སྨོ། །

ཁྱོད་ཀྱི་དོན་ལས་ལྷ་ལས་དམག་འོངས་རུང་། །རྒྱབ་བཤུད་མི་རྐྱབ་དམག་དཔོན་ང་འབད་ནི། །

གསེར་གྱི་ནང་གསུག་བྱིན་རུང་བྱིན། །བུམོ་ཁྱོད་གཞན་དང་ང་མི་གཏང་། །

རྒྱུ་ནོར་རི་འདེ་སྤུངས་བྱིན་རུང་། །བུམོ་ཁྱོད་གཞན་དང་ང་མི་གཏང་། །

སེམས་རྣམ་རྟོག་མེད་པའི་ལས་གནམ་བསྐོས་ཅིག་ག་ལས་འོངམ། །ཡར་དཀོན་མཆོག་གསུམ་གྱིས་ང་ལུ་གནང་གནངམ་མེན་ན་སྨོ། །

 

ཚེ་སྔོན་མའི་བག་ཆགས་ཨའེ་བཟང་པོ་ཅིག་ཤར་དོ་བཟུམ། །ངེའི་སེམས་ཁར་འཕྲལ་འཕྲལ་བག་ཆགས་སེམས་ལུ་འཁོརཝ་མས་ས། །

ཚེ་ད་རེས་མཐུནམ་པའི་ཨའེ་གཉེན་གྲོགས་ཅིག་འོང་དོ་བཟུམ། །ངེའི་སེམས་ཁར་སྐབས་སྐབས་སྣང་བ་སེམས་ལུ་ཤརཝ་མས་ས། །

ཁྱོད་ལུ་གནོད་པའི་དགྲ་དང་བར་ཆད་ལས། །སྲུང་སྐྱོབ་འབད་དེ་གིས་བསྒུགས་བཞག་ནི་ཨིན། །

མཁས་པ་འབུམ་གྱིས་མགུ་སྐོར་རུང་། །ཁྱོད་ཀྱི་དོན་ལུ་སེམས་མི་འགྱུར། །

སྟག་ཤར་སྟོང་གིས་འཛུམ་སྟོན་རུང་། །ངེའི་སེམས་སྤུ་ཙམ་འགྱུར་བ་མེད། །

 

གླུ་གཞས་རྩམ་མི། སློབ་བསོད་ནམས་བསྟན་འཛིན།། 

Wednesday, January 11, 2023

Mee Thri Thra Bumthra from the film Hung

 

༼མི་ཁྲི་ཕྲག་འབུམ་ཕྲག།༽

 

མི་ཁྲི་ཕྲག་འབུམ་ཕྲག་ལས་ཁྱོད་ལེགས་པས་ས། །ང་གདམ་ཁ་ཁྱོད་ལས་གཞན་མི་རྐྱབ། །

མི་བརྒྱ་འཛོམས་སྟོང་འཛོམས་ལས་ཁྱོད་འཇའ་བས་ས། །ང་གདམ་ཁ་ཁྱོད་ལས་གཞན་མི་རྐྱབ། །

 

ཁྱོད་ཞལ་གྱི་དཀྱིལ་འཁོར་ཨའེ་སྐུ་རྟེན་གསུང་རྟེན་བཟུམ། །ང་ཡང་ཡང་བལྟ་དགོ་ཨའེ་མནོ་བའི་ན་ཟུག་ཡོད། །

ལྷའི་དཔག་བསམ་ཤིང་ཆེན་ཡར་ལྷ་ལུ་དགོ་ལོ། །ངེའི་ནོར་བུ་བསམ་འཕེལ་མར་ཀླུ་ལུ་དགོ་ལོ། །

བུམོ་ཡིད་འཕྲོག་ལྷ་མོ་བུ་ང་ར་དགོ་ནི། །བུ་ལེགས་པའི་གེ་སར་བུམོ་ང་ར་དགོ་ནི། །

 

གསུང་སྙན་པའི་ཧིང་གཏམ་ཨའེ་ཁྱོད་ཡང་ཉན་དོ་བཟུམ། །ང་ཡང་ཡང་ཉན་དགོ་ཨའེ་མནོ་བའི་ཞེན་ཆགས་ཡོད། །

གངས་སེང་ཆེན་དཀར་མོ་ཡར་གངས་ལུ་དགོ་ནི་ལོ། །བྱ་ལེགས་པའི་རྨ་བྱ་མར་རྒྱ་ལུ་དགོ་ལོ། །

བུམོ་ཡིད་འཕྲོག་ལྷ་མོ་བུ་ང་ར་དགོ་ནི། །བུ་ལེགས་པའི་གེ་སར་བུམོ་ང་ར་དགོ་ནི། །

 

མི་ཁྲི་ཕྲག་འབུམ་ཕྲག་ལས་ཁྱོད་ལེགས་པས་ས། །ང་གདམ་ཁ་ཁྱོད་ལས་གཞན་མི་རྐྱབ། །

མི་བརྒྱ་འཛོམས་སྟོང་འཛོམས་ལས་ཁྱོད་འཇའ་བས་ས། །ང་གདམ་ཁ་ཁྱོད་ལས་གཞན་མི་རྐྱབ། །

Tuesday, January 3, 2023

Bullon from the film Hung

 

༼བུ་ལོན༽

 

ང་ཁྱོད་ལུ་དགའ་བའི་ཉེས་ཁྲིམས་འདི། །ཡ་ཁྲིམས་ཆེན་འབད་རུང་ཕྱག་ཞུ་ནི། །

ང་ཁྱོད་ལུ་དགའ་བའི་བུ་ལོན་འདི། །ས་འཛམ་གླིང་འབད་རུང་བཏབ་ད་ནི། །

བྱིན་ཆེ་བའི་ཡི་གུ་ཧཱུྃ་འདི་ལས། །ང་དངོས་གྲུབ་ཐོབ་ཡང་མེན་ན་སྨོ། །

ང་དགའ་ས་དགའ་ས་སྨོ། །ང་དགའ་བའི་འཛུམ་གྱི་ཞལ། །

ང་ཆགས་ས་ཆགས་ས་སྨོ། །ཁྱོད་ལེགས་པའི་ཧིང་ཁ་ལུ། །

ཧོ་ཧོ་བུམོ་ཁྱོད་དང་སྡོད་ནི་ཡོདན། །བདེ་བ་གཞན་ཅིག་མ་མཐོང་། །

 

ཁྱོད་ཀྱི་མནོ་བསམ་བཏང་རུང་ར། །སེམས་ལུ་དགའ་བ་འབྱུངམ་མས། །

ཁྱོད་དང་དངོས་སུ་སྡོད་ནི་ཡོདན། །བདེ་བ་ཐེ་ཚོམ་མིན་འདུག །

ངེའི་སྙིང་མཐུན་ངེའི་སྙིང་མཐུན་མ། །ངེའི་སྙིང་མཐུན་ངེའི་ཡིད་འོང་མ། །

 

ཁྱོད་ཀྱི་པར་ཅིག་མཐོང་རུང་ར། །སེམས་ལུ་དགའ་བ་འབྱུངམ་མས། །

ཁྱོད་ཀྱི་ཧིང་གཏམ་གོ་ནི་ཡོདན། །བདེ་བ་ཐེ་ཚོམ་མིན་འདུག །

ང་ཁྱོད་ལུ་དགའ་བའི་བུ་ལོན་འདི། །ས་འཛམ་གླིང་འབད་རུང་བཏབ་ད་ནི། །

བྱིན་ཆེ་བའི་ཡི་གུ་ཧཱུྃ་འདི་ལས། །ང་དངོས་གྲུབ་ཐོབ་ཡང་མེན་ན་སྨོ། །

ང་དགའ་ས་དགའ་ས་སྨོ། །ང་དགའ་བའི་འཛུམ་གྱི་ཞལ། །

ང་ཆགས་ས་ཆགས་ས་སྨོ། །ཁྱོད་ལེགས་པའི་ཧིང་ཁ་ལུ། །

ང་དགའ་ས་དགའ་ས་སྨོ། །ང་དགའ་བའི་འཛུམ་གྱི་ཞལ། །

ང་ཆགས་ས་ཆགས་ས་སྨོ། །ཁྱོད་ལེགས་པའི་ཧིང་ཁ་ལུ། །

ཧོ་ཧོ་བུ་ཁྱོད་དང་སྡོད་ནི་ཡོདན། །བདེ་བ་གཞན་ཅིག་མ་ཐོང་། །

 

གླུ་ཚིག་བརྩམ་མི། སློབ་བསོད་ནམས་བསྟན་འཛིན།